Wednesday, 4 September 2013

ཁེར་རྐྱང་གི་འབོད་སྒྲ།།
གཏོལ་མེད་ས་མཐའ་ཡི་ལུང་ཁུག་ཏུ་སོན་།།
གངས་ཅན་བོད་ལྗོངས་དེ་མིག་ལམ་དུ་ཆར་།།
སྙིང་གི་བུ་ག་རུ་ན་ཟུགས་ཞིག་གཏོང་།།
སྐྱིད་པའི་ཕ་ཡུལ་བོད་ལྷང་ལྷང་དུ་དྲན་།།

Monday, 22 July 2013

ང་ཡི་བླ་མ༑༑

                              ཕྱག་འཚལ་ལོ༑༑༑

ཁྱེད་ནི་བདག་གི་མགོན་ཡིན་ཏེ༑༑
ཁྱེད་ནི་བདག་གི་བླ་མ་ཡིན༑༑
འཛམ་གླིང་ཡོངས་ཀྱི་ལམ་སྟོན་པ༑༑
ང་ཡི་སྐྱབས་མགོན་ཁྱེད་རང་ཡིན༑༑

                                                ཕགས་མཆོག་ཕྱག་ན་པད་མོ༑༑

                               སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ༑༑
                               ༧གོངས་ས་སྐྱབས་མགོན་ཆེན་པོ༑༑
                               ཁྱེད་ལ་གུས་པའི་ན་མོ༑༑
ཆོས་ལུགས་ཡོད་དོ་ཅོག་ལ༑༑
གུས་ཀུར་གཅིག་མཚུངས་གནང་མཁན༑
མི་རིགས་དབྱེ་བ་མེད་པར༑༑
ཡོངས་ལ་གཅིག་འགྱུར་གནང་མཁན༑༑



Tuesday, 18 June 2013

ཁྱེད༑༑༑༑༑༑༑

ཁྱེད་མེད་པའི་དུས༑༑
དགུང་གི་སྟེང་དུ་ཡོད་པའི་བྱ་རྣམས་དང༑༑
རྒྱ་མཚོའི་ནང་གི་ནོར་བུ་རིན་ཆེན་དང༑༑
དྲི་ཞིམ་ཅན་གི་མེ་ཏོག་ཐམས་ཅད་ལས༑༑
གུས་པའི་སྙིང་གི་ནོར་བུ་ཁྱེད་རང་མཛེས༑༑
                                   ཁྱེད་ནི་ནམ་མཁའི་ལྷ་མོ་ལས་ཀྱང་མཛེས༑༑
                                   ཁྱེད་ཀྱི་གསུང་སྐད་ཁུ་བྱུག་ལས་ཀྱང་སྙན༑༑
                                   བུ་ཆུང་ང་ཡི་ཡིད་འཕྲོག་ལྷ་མོ་ཁྱེད་༑༑
                                   འཇིག་བརྟེན་ཀུན་གྱི་ནང་དུ་འགྲན་ཟླ་མེད༑༑

ཡིན་ཡང་ངེད་ཉིད་ལས་་འཕྲོ་བཟང་པོ་དེ༑༑
འབྱུང་བཞི་འཁྲུགས་སྟེ་རྐྱེན་ངན་བྱུང་བ་བལྟར༑༑
ཡུད་ཀྱི་ཁྱེད་དང་ང་ཡི་བྲེལ་བ་དེ༑༑
མཚན་མོའི་རྨི་ལམ་བཞིན་དུ་མེད་པར་གྱུར༑༑
                                     ད་ཆ་གུས་པས་འདས་པའི་དུས་རྣམས་ལ༑༑
                                     ཕྱིར་བལྟས་བྱས་ཏེ་མཆི་མ་གཏོང་བཞིན་ཡོད༑༑
                                     གུས་པའི་ཁྱེད་ལ་ཅངས་པའི་བརྩེ་བ་དེ༑༑
                                     རྡོ་སྟེང་རི་མོ་བཀོད་པ་བལྟ་བུ་ཡིན༑༑
གུས་པས་ཁྱེད་ལ་བརྩེ་བ་ཕུལ་ཡང་ཁྱེད་ཀྱིས་ང་ལ་སྤྱོད་ལོག་བྱས༑༑
ཁྱེད་ཀྱིས་གུས་པར་སྡུག་བསྔལ་གནང་ཡང་གུས་པའི་ཁྱེད་ལ་བདེ་བ་བསམ༑༑
ཅི་ཞིག་བྱུང་ཡང་གུས་པའི་མི་ཚེ་ནང་གི་ནོར་བུ་ཁྱེད་རང་ཡིན༑༑
གང་དུ་ཡོད་ཀྱང་མིག་ལམ་མདུན་དུ་ཉིན་ལྟར་ཁྱེད་ཀྱི་བཞིན་རས་ཤར༑༑
                        
                    སྐྱ་རེང་དུས་སུ་བྱ་སྐད་མ་ཐོས་ཉིན་ལྟར་ཁྱེད་ཀྱི་གསང་སྙན་ཐོས༑༑
                  བུ་ཆུང་ང་ཡི་མཛེས་ལྡན་ཁྱེད་ལ་བརྩེ་བ་ལྷད་མེད་ཕུལ་བའི་རྐྱེན༑༑་
                   སུ་འདྲ་ཞིག་དང་འགྲན་ཟླ་མེད་པའི་འོད་གདངས་ཅན་གི་བཞིན་རས་དེ༑༑
                  མཆན་མོའི་རྨི་ལམ་ཙམ་དུ་མིན་པར་བདངས་པའི་མིག་གི་མདུན་དུ་ཤར༑༑

ཁྱེད་རང་མེད་པའི་མོད་ལ་ད་ཆ་བསོད་ནམས་མེད་པའི་བུ་ཆུང་ང༑༑
ན་ཟླ་ལྷན་འཛོམས་དུས་སུ་ཡིན་ཡང་གུས་པ་ཉིན་ལྟར་ཁེར་རྐྱང་ལུས༑༑
དེ་བཞིན་ད་གཟོད་གུས་པའི་མི་ཚེ་གཤོག་པའི་མེད་པའི་བྱ་ལྟར་གྱུར༑༑
ཨ་སྔོན་སྟེང་དུ་ཕུར་བློ་ཡོད་ཀྱང་རང་གི་ལུས་པོའི་ལྕོག་པ་མེད༑༑


Saturday, 15 December 2012

ཨ་མ་དྲན་གྶུ།།

              དྲིན་ཆེན་ཉི་མ།། 

སྐྱིད་སྡུག་འདུས་པའི་སྲིད་པའི་འཁོར་བ་འདི་ཡི་ནང་དུ་གུས་པར་ནོར་བུ་རིན་ཆེན་ལྟ་བུའི་རྩ་ཆེན་གྱི་མི་ལུས་འཐོབ་རྒྱུ་དེ་དྲིན་ཆེན་ཉི་མ་ཁྱེད་ཀྱི་བཀའ་དྲིན་ཡིན་ལ་ད་བར་ཁྱེད་ཀྱི་གུས་པར་བྱམས་སྐྱོང་དང་བསླབ་བྱ་གང་གནང་པ་རྣམས་ད་གཟོད་ངའི་སེམས་ཆུང་འདི་ནང་ཁྲ་ལྷམ་མེར་ཤར་ནས་ཡོད། གུས་པས་འཁོར་བ་འདི་ཡི་ནང་མིག་ཕྱེས་མ་ཐག་ནས་ད་བར་ཁྱེད་ཀྱི་གུས་པའི་དོན་དུ་དཀའ་སྡུག་གི་འཚོ་བ་ཇི་ཙམ་ཞིག་མྱོངས་ཡོད་པ་དེ་ད་གཟོད་ཕྱིར་དྲན་བྱེད་སྐབས་དྲིན་ཆེན་ཁྱེད་དངོས་ཡོད་སུ་བཀའ་དྲིན་ཆེན་པོ་ཡིན་པ་དེ་མཁའི་ཁྲོད་ནས་ན་བུན་མེད་པ་ཆགས་པ་ལྟར་གསལ་པོ་ཤེས་འཐུབ་བྱུང་སོང། བསོད་ནམ་མེད་པའི་བུ་ང་སྔོན་མ་བྱིས་པའི་དུས་སུ་ཡུམ་ཆེན་ཁྱེད་གམ་ཡོད་སྐབས་ཁྱེད་ཀྱིས་གང་གསུངས་པ་དེ་ལ་མི་ཉན་པར་སྤྱོད་ལོག་བྱས་པ་དང་དེ་མིན་ད་དུང་ཚམ་རེ་འཁང་ར་ཡང་བྱས་མྱོང་ཡོད་པས་ད་ལྟ་གུས་པར་ཁྱེད་ཀྱི་བྱམས་སྐྱོང་དང་བརྩེ་གདུང་དགོས་དུས་དྲིན་ཆེན་ཁྱེད་ཀྱི་བཀའ་དྲིན་དངོས་སུ་ལྷང་ལྷང་དྲན་བཞིན་འདུག། དེ་མིན་ད་ལྟ་གུས་པ་མི་ཡུལ་ས་མཐའ་ཡི་ལུང་པ་རུ་ཁེར་རྐྱང་ལྷག་དགོས་པ་ཡང་ངའི་བྱ་བ་ངན་པའི་འབྲས་བུ་ཞིག་ཡིན་ཨང་།།
དེར་བརྟེན་གུས་པས་འདས་པའི་ལོ་དེར་ཕྱིར་དྲན་བྱེད་སྐབས་དྲིན་ཆེན་ཁྱེད་ཀྱི་གུས་པའི་དོན་དུ་སྐུ་ལས་ལྷད་མེད་བསྐྱོན་པ་རྣམས་སེམས་ནང་དུ་གཞག་སྟེ་ད་གཟོད་གུས་པས་ཁྱེད་ཀྱི་བཀའ་དྲིན་འཇལ་འདོད་ཡོད་ཀྱང་ཁྱེད་ནི་སྡུག་བསྔལ་གྱི་འཁོར་བ་འདི་ནས་བདེ་བའི་ཞིང་དུ་འཕེབས་པར་བརྟེན་ཕྲན་ལ་ཡང་བྱེད་ཐབས་གང་ཡང་མི་འདུག་པའི་ཉིན་ལྟར་གུས་པའི་མཁའ་བའི་སྟེང་བལྟས་ཏེ་དྲིན་ཆེན་ཁྱེད་གང་དུ་བཞུགས་ཡོད་ཀྱང་སྐུ་ཁམས་བདེ་པོའི་ངང་གནས་ཡོད་པའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད་པ་དང་དེ་ཕྱིར་གུས་པའི་ཁྱེད་ཀྱི་སྐུ་དཔར་ཉིན་ལྟར་ཨམ་ཕྲག་ནང་ཉར་བཞིན་ཡོད་། དྲིན་ཆེན་ཁྱེད་དང་ང་ཡི་བར་ལ་རྒྱང་རིང་ཇི་ཙམ་ཡོད་ཀྱང་ཁྱེད་ནི་བདག་གི་ཤ་རུས་ནས་བྲལ་དཀའ་བའི་སྙིང་གི་སྙིང་རྩ་ལྟ་བུ་ཡིན་ལ་ངེད་ཉིད་དབར་གྱི་འབྲེལ་བ་དེ་བརླག་པའི་ཉེ་བ་ནམ་ཡང་མེད་།། སྐབས་རེ་དྲིན་ཆེན་ཁྱེད་དྲན་ཏེ་གུས་པའི་མིག་ཆུང་གཉིས་ནས་མིག་ཆུ་རང་དབང་མེད་པར་ལྷུང་ཡོང་གི་འདུག་པས་ཨ་མ་ལགས་ཁྱེད་ད་ལྟ་ངས་སྙིང་ཁུངས་རུས་པའི་སྟེང་ནས་དྲན་བཞིན་ཡོད། ཁྱེད་མེད་པའི་མི་ཚེ་འདི་གཤོག་པ་མེད་པའི་བྱ་དང་མཚུངས་སྟེ་གུས་པའི་བྱ་བ་ཅི་ཞིག་བྱས་ཀྱང་དེར་སྙིང་པོ་མེད་པའི་འཚོར་བ་ཆེན་པོ་ཞིག་གཤར་ཡོང་གི་འདུག་ལ་འདས་པའི་ལོའི་ནང་གུས་པའི་དྲིན་ཆེན་ཁྱེད་ཀྱི་འཐུགས་སྐྱོ་དགོས་པའི་བྱ་བ་ཞིག་མ་ལྟོག་ཁྱེད་ཉིད་ལ་བདེ་བ་ཞིག་ཐོབ་ཆེད་བྱ་བ་གང་ཡང་བྱས་མྱོང་མེད་པར་དེ་ཡི་འབྲས་བུ་ཞིག་ཏུ་འགྱུར་།། དེའི་རྒྱུ་མཚན་ལ་བརྟེན་ནས་ཨ་མ་ལགས་ཁྱེད་ཀྱིས་ད་གཟོད་གུས་པ་ང་ཁེར་རྐྱང་བསྐྱུར་ནས་འཕེབས་པ་ཡང་ཡིན་སྲིད་ཡང་ན་ངེད་ཉིད་བྲལ་དགོས་པ་དེ་གུས་པར་བསོད་ནམས་མེད་པའི་ལས་ཞིག་ཡང་ཡིན་སྲིད། ད་གཟོད་གུས་པའི་མི་ཚེའི་གནས་སྟངས་ནི་མཚོ་ཀམ་པོའི་ནང་གི་ཉ་མོ་ལྟ་བུ་ཆགས་ཏེ་ལུད་སོང་བའི་དེ་ཕྱིར་དྲིན་ཆེན་ཁྱེད་མེད་པའི་མི་ཚེ་འདི་ནང་དཀའ་ངལ་མྱོང་བ་ལས་མི་ལུས་འདི་ལས་ད་ནི་འཆི་ན་འགྲིགས་བསམ་བཞིན་འདུག་ ཡིད་སྐྱོ་བའི་གནས་ཚུལ་ཞིག་ལ་བུ་ཆུང་ང་ཡི་མི་ལུས་འདི་ནང་དྲིན་ཆེན་ཁྱེད་ཀྱི་བཀའ་དྲིན་འཇལ་འཐུབ་མ་སོང་བའི་གལ་ཏེ་གུས་པར་བསྐྱར་དུ་མི་ལུས་འཐོབ་རྒྱུ་བྱུང་ན་དྲིན་ཆེན་ཁྱེད་གམ་སླར་ཡང་བྱིས་པའི་ཁུངས་སུ་ཚར་ལོངས་བྱ་རྒྱུ་ཡོང་བ་དང་དྲིན་ཆེན་ཁྱེད་ཀྱི་དྲིན་ལེན་ཡང་འཇལ་ཐུབ་པའི་ཉིན་ལྟར་བུ་ཆུང་ང་ཡིས་དཀོན་མཆོག་གསུམ་ལ་གསོལ་བ་སྨོན་ལམ་ཞུ་བཞིན་ཡོད། ང་ཡི་དྲིན་ཆེན་ཨ་མ་ལགས་ཁྱེད་ས་ཕྱོགས་གང་དུ་བཞུགས་ཡོད་ཀྱང་བུ་ཆུང་ང་ཡི་ཁྱེད་ཉིན་ལྟར་སེམས་ནང་དྲན་བཞིན་ཡོད་ 

Thursday, 13 December 2012



              རང་སྲོག་བརྒྱ་ལ་ཉེ་ ང་ཚོ་གང་བྱེད་དགོས།།

      རྒྱལ་གཅེས་དཔའ་བོ་དཔའ་མོས།།

      ཁྲག་གི་མཆོད་མེ་འབུལ་བ།།

      བཙན་བྱོལ་བོད་མི་རྣམས་ཀྱི།།

     ཕྲན་བུ་མཁྱེན་པར་གནང་རོགས།།

ད་གཟོད་བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་གནས་སྟངས་ནི་བསམ་ཡུལ་ལས་འདས་པ་ཞིག་ཆགས་ཡོད་ གང་ཡིན་ཟེར་ན་བོད་ནང་དུ་ཡོད་པའི་བོད་མི་ཚོས་བོད་དོན་ཐོག་ལ་སེམས་ཤུགས་དང་སེམས་ཁུར་བྱེད་པ་དང་དེ་མ་ཡིན་པའི་དམར་པོའི་གཞུང་ལ་ངོ་རྒོལ་ཤུགས་ཆེར་བྱེད་པར་བརྟེན་རྒྱ་ནག་གཞུང་གི་བོད་མི་ཕལ་མོ་ཆེ་འཛིན་བཟུང་བཙན་ཁྲིད་བྱས་པ་དང་དེ་རྣམས་གང་དུ་བཀག་ཉར་བྱས་ཡོད་པ་དང་ཁོང་རྣམས་གསོན་པོར་བཞུགས་ཡོད་མེད་སུས་ཞིག་གི་ཀྱང་གསལ་པོ་ཤེས་ཐུབ་མེད་པ་དེ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ང་ཚོ་ཚང་མའི་མཁྱེན་གསལ་རེད་ད་དུང་ཡང་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་བཞིན་ཡོད་ཡིན་ཡང་དམར་པོའི་གཞུང་གི་བོད་མི་ཚོས་དཀའ་ངལ་རྣམས་གསལ་ཐབས་བྱ་རྒྱུ་ལས་ཟློག་སྟེ་དེ་བས་ཀྱང་དམག་དང་དྲག་གནོན་བེད་སྤྱོད་གཏོང་སྟེ་བོད་ནང་དུ་ད་གཟོད་ཁྲག་གི་རྒྱུག་ཆུ་རྒྱུག་བཞིན་ཡོད། 

དེ་འདྲ་སོང་ཙང་བོད་ནང་གི་བོད་མི་རྣམས་ལ་ཡང་རང་དབང་སྤུ་ཙམ་ཞིག་མེད་པ་དེ་གསལ་པོ་བཤད་ཐུབ་ ཁོང་རྣམས་ནི་དམར་པོའི་གཞུང་གི་འོག་ཏུ་དཀའ་ངལ་ལྷད་མེད་མྱོང་བཞིན་ཡོད་ དེ་མ་ཟད་བོད་ནང་དུ་བོད་དོན་དང་བྲེལ་བའི་ལས་འགུལ་ཆུང་ཙ་ཞིག་སྤེལ་མ་ཐག་གང་ཟག་དེ་ལམ་གསེང་རྒྱ་ཡི་ཉེན་རྟོག་པའི་འཛིན་བཟུང་བྱེད་ཀྱིས་ཡོད་པས་བོད་ནང་དུ་སྔར་ལོ་༢༠༠༧ ནས་བཟུང་ད་བར་བོད་མི་རིགས་ཀྱི་བསྟན་པ་དང་ཆབ་སྲིད་ཀྱི་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ལས་འདས་པ་ཞིག་གིས་རང་སྲོག་འཕངས་མེད་དུ་བློས་གཏང་མཛད་ནས་རང་ལུས་མཆོད་མེ་ཕུལ་བ་དེ་མ་ཟད་སྐུ་གཤེགས་ཕོ་མོ་ཡོངས་ཀྱི་མངོན་འདོད་ཀྱི་འབོད་ཚིག་གཉིས་ཡོད་པ་ནི་༧གོང་ས་མཆོག་བོད་ལ་འཕེབས་དགོས་པ་དང་བོད་མི་རིགས་ལ་རང་དབང་དགོས་ཟེར་བ་དེ་ཡིན་ ཁོང་རྣམས་ཀྱི་འབོད་ཚིག་དེ་སྒྲོག་བཞིན་ལག་གཉིས་ཐལ་མོ་སྦྱར་ནས་དཔའ་ཚབ་ཆེན་པོས་ངང་རང་ལུས་མེར་སྲེགས་གཏོང་བའི་མེ་རླབས་དེ་ད་གཟོད་འཛམ་གླིང་ཡོངས་ལ་ཁྱབ་ཡོད་ ཁོང་རྣམ་པས་སོ་སོའི་ཤ་རུས་ནས་བྲལ་དཀའ་བའི་ཕ་མ་སྤུན་མཆེད་དང་ནང་མི་ལས་ཀྱང་བོད་རྒྱལ་ཁབ་དེ་གཅེས་འཛིན་བྱས་ རང་སོ་སོའི་རྒྱལ་ཁབ་དོན་དུ་རང་ལུས་མཆོད་མེ་རུ་ཕུལ་བ་དེ་ང་ཚོ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་ལ་སླབ་བྱ་འམ་སེམས་ཤུགས་སྐྱེ་དགོས་པའི་གནས་ཚུལ་ཞིག་རེད། 

   ཚེ་འདས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མཛད་རྗེས་ནི་དངོས་ཡོད་གནས་ཚུལ་དུ་བསམ་ཡུལ་ལས་འདས་པ་ཞིག་རེད། ཚང་མས་མཁེན་གསལ་ལྟར་ན་བོད་ནང་དུ་དམར་པོའི་གཞུང་གི་དྲག་གནོན་ཇི་ཙམ་ཞིག་བྱེད་ཀྱི་ཡོད་ན་ཡང་བོད་མིའི་རང་སྐྱོང་རྩོད་རྒྱུའི་སེམས་ཤུགས་དེ་དེ་བས་ཀྱང་ཆེ་རུ་འགྲོ་རྒྱུ་དེ་ངེས་པ་རེད། དེ་འདྲ་ཡིན་པ་ཡིན་ཙང་ང་ཚོ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་ད་གཟོད་བོད་མི་རིགས་དང་རྩ་དོན་ཆེད་རང་སྲོག་བློས་གཏང་མཛད་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་འམ་གསོལ་བ་འདེབས་རྒྱུ་ནི་ང་ཚོས་བྱེད་དགོས་པའི་བྱ་བ་མེད་དུ་མེད་རུང་བ་ཞིག་ཆགས་ཡོད། དེ་ལས་ལྷག་པའི་ང་ཚོ་རང་དབང་གི་ལུང་པར་ཡོད་པའི་བོད་མི་རྣམས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོས་མཛད་རྗེས་རྣམས་ཆུ་གཟོད་དུ་མི་འགྲོ་བའི་ཆེད་ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་དང་བྲེལ་བ་བྱས་རྗེས་ཁོང་ཚོར་བོད་ནང་དུ་རང་ལུས་མེར་སྲེག་གཏོང་དང་གཏོང་བཞིན་པའི་སྐོར་དང་བོད་ནང་གི་བོད་མིའི་གནས་སྟངས། དེ་བཞིན་བོད་དོན་སྐོར་གང་མང་མང་གཅིག་འགྲེལ་བཤད་བསྐྱོན་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་འཐོང་གི་འདུག། ད་ལྟ་ང་ཚོའི་དཔའ་བོ་དང་དཔའ་མོ་འདས་ཟིན་པ་རྣམས་གྲངས་ཐོག་ཏུ་བཀོད་པ་ཙམ་མ་ཡིན་པར་ཁོང་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་པ་རྣམས་ཕྱི་རྒྱལ་ཁབ་ཀྱི་མི་རིགས་ལ་ངོ་དེབ་དང་དྲ་རྒྱའི་ཐོག་ནས་འགྲེལ་བཤད་གསལ་པོ་འམ་ཟབ་མོ་ཞིག་བསྐྱོན་ཐུབ་པས་ཐབས་ཤེས་བྱ་དགོས།

   གུས་པས་བསམ་ཚུལ་ལྟར་ན་ང་ཚོ་རང་དབང་གི་ལུང་པར་ཡོད་པའི་བོད་མི་རྣམས་ཀྱི་འདས་པོ་ཚོར་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་ཤུགས་ཆེན་བསྟན་རྗེས་མར་མའི་ཁྲོམ་སྐོར་དང་མ་ནི་འབུམ་ཙམ་འདོན་པ་ལས་ཕྱི་རྒྱལ་ཁབ་ཀྱི་མི་རིགས་དང་བོད་དོན་ཐོག་བགྲོ་གླེང་སྐར་མ་ཁ་ཤས་ཤིག་བྱེད་པ་དེ་ཕན་ཡོན་ཆེ་བ་ཞིག་ཡོད་རེད་བསམ་གི་འདུག། རྣམ་པ་ཚོའི་ངོས་ནས་ཡང་དེ་དང་དེ་འདྲ་བའི་ལས་འགུལ་སྤེལ་ཐུབ་པ་ཡིན་ན་ནམ་མཁའི་སྟེང་ནས་འབྲུག་སྒྲ་སྒྲོགས་པ་ལྟར་ང་ཚོས་ཡང་དམར་པོའི་གཞུང་དེ་ལྷོད་ལྷོད་ངང་འཇིགས་འཐུབ། དེ་འདྲ་སོང་ཙང་ང་ཚོ་བོད་མི་རྣམས་ཀྱི་ཕྱིའི་ཡུལ་མི་རྣམས་དང་གྲོགས་བྱེད་རྗེས་ཁོང་རྣམས་དང་བོད་ཀྱི་རྩ་དོན་ཐོག་བགྲོ་གླེང་བྱ་རྒྱུ་དེ་གཙོ་བོ་ཞིག་རེད་འདུག། ད་གཟོད་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པའི་ ད་ནི་རང་དབང་གི་ལང་པར་གནས་ཡོད་པའི་བོད་མི་ཚོ་ཉོན་རྨོངས་པའི་གཉིད་ལས་གསལ་ནས་ལས་འགུལ་འདྲ་མིན་ཞིག་སྤེལ་མ་འཐུབ་ན་བོད་ནང་དུ་རྒྱ་ནག་གཞུང་གི་འོག་དྲག་གནོན་ཆེན་པོའི་ངང་དཀའ་ངལ་ལྷད་མེད་མྱོང་བཞིན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་ཡང་ངོ་ཚ་དགོས་པའི་གནས་ཚུལ་ཞིག་རེད། དེའི་ཕྱིར་རང་དབང་ལུང་པར་ཡོད་པའི་སྤུན་ཟླ་རྣམས་ལ་གུས་པའི་རེ་སྨོན་ཞུ་རྒྱུ་ལ་བོད་ཀྱི་ས་ཆ་དེ་བོད་མིས་འཛིན་ཐབས་གྱ་རྒྱུ་དང་བོད་མི་ཚོ་མཐུན་སྒྲིལ་བྱེད་དེ་བོད་ནང་གི་གནས་སྟངས་སྐོར་གང་ཤེས་པ་རྣམས་ཕྱིའི་ཡུལ་མི་རྣམས་ལ་འགྲེལ་བཤད་གང་འཐུབ་བསྐྱོན་རོགས་ཁོང་ཚོར་བོད་ནང་དུ་རྒྱ་ནག་གི་སྡུག་རྩུབ་སྐོར་གསལ་བཤད་ཟབ་པོ་བསྐྱོན་རོགས་ མཐའ་དོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཁྲི་ལོ་བརྟན་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བ་དང་དེ་བཞིན་ལྷ་སའི་བར་འཁོར་ནང་དུ་གཞི་རྗེའི་བོད་མི་མཉམ་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་རྒྱུ་ཡོང་བའི་ཉི་མ་མྱུར་ནས་མྱུར་དུ་ཤར་བའི་སྨོན་ལམ་དང་བཅས་བོད་རྒྱལ་ལོ།།།།།

Monday, 10 December 2012

ཁྱེད་གང་དུ་བཞུག་ཡོད།།


                                        དྲིན་ཆེན་ཨ་མ་ལགས།།

མུན་ནག་གི་བཏུམ་པའི་ཡུལ་དུ།།       

ཉི་མའི་འོད་མདངས་ཞིག་འཕྲོ་དུས།།

སྐྱེ་བོས་གང་ཟག་གི་འཕྲོད་ན།།

སླར་ཡང་རྒྱུད་ལམ་ཞིག་ཤར་ཡོད།།

                                    དེ་བཞིན་སྐྱིད་སྡུག་གི་ལུས་འདིར།།

                                     ཚེ་སྔོན་ལས་འཕྲོ་དང་འདུས་པའི།།

                                     དྲིན་ཆེན་སྐྱེད་མ་ཁྱེད་འཕྲད་འབྱུང།།

                                    འཇིག་རྟེན་དཀའ་སྡུག་ལས་ཐར་སོང།།

ཁྱེད་ཀྱི་བྱམས་སྐྱོང་དང་བརྩེ་བའི།།

དཀའ་ཚེགས་ཇི་ཙམ་ཞིག་ཕྲད་ཀྱང།།

དཀའ་ངལ་སྤུ་ཙམ་ཞིག་མི་འཚོར།།

ཡུད་ཀྱི་དཀའ་ངལ་དེ་མདོག་སོང།།

                                       བུ་ང་ཁྱེད་དང་ཐུད་པ།།

                                       སྔོན་བསགས་ལས་ཞིག་ཡིན་འགྲོ།།

                                       དེ་མིན་ཁྱེད་གམ་བསྡད་རྒྱུ།།

                                      གུས་པར་བསོད་ནམ་ཨེ་ཡོད།།

ཕྲན་གྱི་མི་ཚེ་འདི་ནང།།

དྲིན་ཆེན་ཀྱེ་མ་ཁྱེད་ཀྱ།།

བསླབ་བྱ་ཡོད་དོ་ཅོག་པ།།

སེམས་པའི་ནང་དུ་སིམ་སོང།།

                                      འོན་ཀྱང་ལམ་ཕྲན་འདི་རུ།།

                                     གུས་པ་ལོ་ཤས་གོང་དུ།།

                                     དྲིན་ཆེན་ཉི་མ་ཁྱེད་ཀྱི།།

                                    བསྐྱུར་ནས་ཕེབས་དོན་ཅི་ཡིན།།

ཁྱེད་ཉིད་མེད་པའི་ཚེ་འདིར།།

སྙིང་པོཅི་ཡང་མི་འདུག།།

དེ་ལས་མི་ལུས་འདི་ནས།།

ད་ནི་འཆི་ན་དགའ་འདུག།།

                                  ཨ་མ་ང་ཡི་ཨ་མ།།

                                  ང་ཡི་དྲིན་ཆེན་ཉི་མ།།

                                 ུ་ང་ཁེར་རྐྱང་བསྐྱུར་ནས།།

                                ཁྱེད་ཉིད་གང་དུ་གཞུགས་ཡོད།།

གུས་པ་ཁྱེད་ཉིད་དྲན་ངོགས།།

འགྲོ་རྒྱུ་བྱུང་ན་བསམ་གྱི།།

འོན་ཀྱང་ལས་དབང་རྐྱེན་གྱི།།

ཁྱེད་སར་ཡོང་ཐབས་མི་འདུག།།

                                      ཉི་མ་ལ་བལྟས་སོང།།

                             གྲིབ་བསིལ་ས་ལ་འབབ་སོང།།

                              ང་ཡི་དྲིན་ཆེ་ཨ་མ།།

                             བདེ་བའི་ཞིང་དུ་འཕེབས་སོང།།

ཆོག་གསུམ་ཐུགས་རྗེ་ཟིགས་རོག།།

གུས་པར་མགོན་སྐྱབས་གནང་རོགས།།

ལས་ཀྱི་འཕྲང་རིང་འདི་ནས།།

ཀྱེ་མའི་དྲན་ངོགས་འཕུད་རོགས།།  

                                       

                                      ཁྱེད་ཀྱི་གམ་དུ་ཡོད་དུས།།

                            ཁྱེད་ཀྱི་བཀའ་དྲིན་མ་ཚོར།།

                            ད་ལེན་ཁེར་རྐྱང་ལུས་དུས།།

                            མིག་ཆུ་རང་མེད་ཤོར་སོང།།

ད་ནི་བུ་ཆུང་ང་རང།།

ཁྱེད་ཉིད་མེད་པའི་རྐྱེན་གྱི།།

མི་ཚེསྟོང་པ་འདི་ནང།།

བདེ་བ་སྤུ་ཙམ་མི་འདུག།།

                           འདི་ནི་བུ་ཆུང་འཇམ་དཔལ་གྱི།།

                           ཁེར་རྐྱང་ལུས་པའི་གཏམ་ཞིག་ཡིན།།

                           ཁྱེད་རང་མེད་པའི་ལོ་འདི་ནང།།

                           ྙིང་པོ་མེད་པའི་འཚོར་སྣང་ཡིན།།

ཡིན་ན་ཡང།།།།།།།།།།།།།།།།

                            སྔོན་བསགས་ལས་དབང་གི་བཀའ་རྒྱ།།

                            སུས་ཀྱང་ཟློག་ཐབས་ཤིག་མི་འདུག།།

                            ཐམས་ཅད་ལས་དབང་དུ་བསྒོམས་ནས།།

                            ཐུགས་སེམས་ལྷོད་ལྷོད་ཅིག་གནང་རོགས།།།།       

     

                                      

Tuesday, 27 November 2012

གུས་པའི་རེ་སྨོན།།།

                                  འཛིན་གྲོགས་ལགས།།

  སྨོན་ལམ་སྨོན་ལམ་གུས་པའི་འདེབས་བཞིན་ཡོད།།

མཆོག་གསུམ་མཆོག་གསུམ་ཟེར་བ་ཁ་ཙམ་མིན།།

ཆུང་གྲོགས་འཛིན་གྲོགས་ཁྱེད་ལ་ཕྲད་བཞིན་པའི།།

མི་འདོད་སྡུག་བསྔལ་འབྱུང་བ་ཆོས་ཉིད་ཡིན།།

                       ཁྱེད་ཀྱི་ཕ་བཟང་ཁྱེད་དང་བྲལ་ན་ཡང།།

                       ཐུགས་སེམས་སྐྱོ་བ་མ་གནང་འཛིན་འགྲོགས་ལགས།།

                       ཉ་མ་ང་ཚོས་དུས་རྒྱུན་ཁོང་གྱི་ཆེད།།

                       ཉིན་མཚན་དབྱེར་མེད་གསོལ་བ་འདེབས་བཞིན་ཡོད།།

དགའ་བ་བསྐྱོ་བ་འཇིག་རྟེན་ཆོས་ཉིད་ཡིན།།

ཕ་བཟང་ཚེ་ལས་འདས་པ་སྡུག་བསྔལ་ཡིན།།

མ་བཟང་ཁྱེད་གཉམ་ཡོད་པ་བསོད་ནམ་ཡིན།།

འདི་ནི་སྐྱིད་སྡུག་ཟུང་བྲེལ་འཁོར་བ་ཡིན།།

                        ལོ་མང་ཁོ་བོའི་གམ་དུ་ཚོ་བ་སྐྱེལ།།

                       ད་ལྟ་ཟླ་ཤས་ཁོང་དང་བྲལ་བའི་རྐྱེན།།

                       ཁྱེད་ཉིད་བར་གྱི་ལས་འགྲོ་བཟང་པོ་དེ།།

                      ཝ་ལེར་ཝ་ལེར་ཉམས་པའི་རྐྱེན་ཡིན་འགྲོ།།

འཆི་བར་བཀག་ཐབས་བྱ་རྒྱུ་ལག་ཏུ་མེད།།

སྐྱེས་བ་ཐམས་ཅད་འཆི་རྒྱུ་ཆོས་ཉིད་ཡིན།།

དེར་བརྟེན་ཚེ་འདས་ཕ་བཟང་ཁོང་གི་ཆེད།།

སྨོན་ལམ་གཏིང་ཟབས་འདེབས་ན་ཕན་ཡོན་ཆེ།།

                       ཁོང་གི་དོན་དུ་མཆི་མ་ལྷུང་བ་ལས།

                       ཉིན་རེ་ཉིན་རེ་མཆོད་མེ་འབུལ་བ་དགའ།།

                      དེ་བཞིན་ཉིན་ལྟར་མར་མེ་འབུལ་བ་ན།།

                       ཁོང་ལ་ལམ་སྟོན་བྱ་བར་ཕན་ཡོན་ཆེ།།

མཆོག་གསུམ་རྣམས་ལ་སྙིང་རྗེ་ཡོད་པ་ན།།

འཛིན་འགྲོགས་ཁོང་ལ་ཕྲད་པའི་སྡུག་བསྔལ་དེ།།

དེ་བཞིན་བསྐྱར་དུ་འཛིན་གྲོགས་གཞན་རྣམས་ལ།།

མྱོང་དགོས་མེད་པར་འབད་དུ་མཛད་ཅིག་ཀྱེ།།

                       སྨོན་ལམ་འདེབས་ན་ཁོ་བོར་ཕན་ཡོན་ཆེ།།

                       མཆི་མ་གཏོང་ན་ཁོ་བོར་དཀའ་ངལ་ཆེ།།

                       དེ་ཕྱིར་ཁོང་ཆེད་མཆི་མ་གཏོང་བ་ལས།།

                       སྨོན་ལམ་ཚིག་གསུམ་འདེབས་ན་ནུས་སྟོབས་ཆེ།།

དེ་ལྟར་ཉ་མ་ང་ཡི་བསམ་ཚུལ་ལ།།

ཤ་ཚ་ཤ་ཚ་བརྗོད་ན་ཨེ་ཕན་ཡོང།།

སྙིང་རྗེ་སྙིང་རྗེ་ཟེར་ཞིང་བསྡོད་པ་ལས།།

སྨོན་ལམ་ཚིག་གསུམ་འདེབས་ན་ཕན་ཡོན་ཆེ།།

                          ཨ་ཕ་ཨ་ཕ་ཟེར་ཞིང་བསྡོད་པ་དང།།

                          འ་ར་འུ་རེ་བྱས་ནས་ངུས་པ་ལས།།

                          སྙིང་ཁུངས་རུས་པའི་གཏིང་ནས་ཕ་བཟང་ཅེད།།

                          སྨོན་ལམ་ཚིག་གསུམ་འདེབས་ན་ཕན་ཡོན་ཆེ།།

གུས་པའི་ཚིགས་གཅད་འདི་ཡི་ནང་དོན་ལ།།

བསམ་བཞིན་བསམ་པར་བྱེད་རོགས་འཛིན་འགྲོགས་།།

ཕྲན་གྱི་ཁྱེད་ལ་ཕྱག་རོགས་ཞུས་མ་ཐུབ།།

ཡིན་ཡང་སྨོན་ལམ་གཏིང་ཟབས་འདེབས་བཞིན་ཡོད།།

                                    བུ་ཆུང་འཇམ་དཔལ་ང་ཡི་འཛིན་གྲོགས་ལ།

                                    དཀའ་ངལ་གདོང་ལེན་བྱ་རྒྱུའི་རེ་སྨོན་ཞུ།།